སྐྱེས་བུ་དམ་པ་ཞིག་གིས་མི་རིགས་ཤིག་ལ་ཕན་པའི་བྱ་བ་བསྒྲུབ་ཚེ་དེ་དང་མི་མཐུན་པའི་བྱ་བ་བརྩམས་ཏེ་འཐེན་ཁྱེར་བྱས་ན་མི་རིགས་དེ་ལ་འཇུག་འབྲས་ཇི་ལྟར་འབྱུང་བ་ལ་བསམ་གཞིག་ནི་ཅིས་ཀྱང་དགོས་སོ།།

དྲང་མོར་ཞུས་ན།微信ཞེས་པ་འདིའི་མིང་བོད་སྐད་དུ་བསྒྱུར་ཟིན་པས་ད་ལྟ་རྩོད་པ་བྱ་བ་འདི་གལ་ཆེན་མ་རེད་སྙམ། སྤྱི་ཚོགས་ཀྱི་ནང་དུ་མང་ཤོས་ཞིག་གི་སྐད་འཕྲིན་ཟེར་ནས་མིང་འདི་རྒྱུགས་ཆེ་བས་སྐྱོན་མེད་ཡིན་སྙམ་ཡང་མ་ངེས་ཏེ། དཔེར་ན་ཐབ་ལ་བུད་ཤིང་ཆུག་ཟེར་བ་ལ་མྱེ་ཆུག་ཅེས་བུད་ཤིང་ལ་མེ་ཞེས་བཏགས་པའི་ཐ་སྙད་ནི་མང་པོ་ཞིག་གིས་ཟེར་རུང་དེ་འདྲའི་ཐ་སྙད་དེ་སྐྱོན་ཅན་རེད་སྙམ། འབྲས་མིང་རྒྱུ་ལ་བཏགས་པ་རེད་འབྲེལ་པ་ཡོད་པས་མི་སྐྱོན་སྙམ་ན།བུད་ཤིང་ལ་ཁོ་རང་གི་མིང་འཁྲུལ་མེད་ཞིག་ཡོད་བཞིན་དུ་མྱེ་ཞེས་གཞན་ཞིག་གི་མིང་གཡར་བའི་ངལ་བ་ནི་དོན་མེད་མིན་ནམ། དེ་ལ་རྒྱུ་འབྲས་ཀྱི་འབྲེལ་པ་ཡོད་པས་བཏགས་ན་སྐྱོན་མེད་ཡིན་ན་ཟན་ལ་སྐྱག་པ་ཅིའི་ཕྱིར་མི་བཏགས། དེས་ན་སྐྱེས་བུ་དམ་པ་ཞིག་གིས་མི་རིགས་ཤིག་ལ་ཕན་པའི་བྱ་བ་བསྒྲུབ་ཚེ་དེ་དང་མི་མཐུན་པའི་བྱ་བ་བརྩམས་ཏེ་འཐེན་ཁྱེར་བྱས་ན་མི་རིགས་དེ་ལ་འཇུག་འབྲས་ཇི་ལྟར་འབྱུང་བ་ལ་བསམ་གཞིག་ནི་ཅིས་ཀྱང་དགོས་སོ།།

ལྷག་བསམ་ཅན་གྱི་མཁན་ཆེན་ཁོང་གཙོ་བོ་བྱས་པའི་མཁས་མང་གིས་ལོ་མང་རིང་ལ་འབད་པ་དུ་མས་ང་ཚོས་མི་རིགས་ལ་ཆེས་ཕན་ཐོགས་ཆེ་བའི་སྐད་ཡིག་ཉམས་གསོའི་ལས་ཀ་སྒྲུབ་པ་འདི་ལས་སླ་མོ་ཞིག་རྩ་བ་ནས་མིན། མང་ཚོགས་ལ་ཤེས་ཡོན་གྱིས་དབུལ་བའི་འུ་ཚོའི་མི་རིགས་འདི་ལ་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་སྐད་ཡིག་ཉམས་རྒུད་འགྲོ་བའི་སྐབས་སུ་ཁོང་གི་ལྷག་བསམ་དེ་ལྟར་བརྩོན་པའི་གོ་ཆ་བརྟན་པོ་བགོས་ཏེ་རླབས་ཆེན་གྱི་ལས་འདི་ཐོག་མའི་དུས་སུ་དེ་འདྲ་འགོ་བརྩམས་ནས་རྒྱུན་འཁྱོངས་བྱེད་པ་འདི་དེ་བས་ཀྱང་སླ་མོ་ཞིག་མིན་པ་ཀུན་གསལ་རེད། རང་ཅག་ལ་ད་བཤད་རྒྱུའི་དཀའ་ལས་ཙམ་ལས་མི་འདུག་ཀྱང་། ལ་ལས་ནི་ཐོག་མར་བཤད་ཁུལ་བྱེད་ཀྱང་རྒྱུན་འཁྱོངས་བྱེད་མི་ཐུབ་པ་ལོ་གཉིས་གསུམ་ནས་ཡང་སྦྲག་སྐད་དང་བསྲེ་བཞིན་འདུག ཡང་ལ་ལས་ནི་དེ་འདྲའི་བྱ་བ་ལ་སྐྱོན་གྱི་ཆ་བཙལ་རྒྱུ་ཨེ་ལོན་བལྟས་ནས་འཐེན་ཁྱེར་གྱི་ཕྱོགས་ནས་སྒུག་ཡོད་པ་འདི་དག་ནི་འབྱུང་འགྱུར་ན་རང་མི་རིགས་ལ་མཐུན་སྒྲིལ་དང་ཡར་རྒྱས་འོང་བ་ལ་ཆེས་གནོད་སྐྱོན་ཐེབས་པ་གདོན་མི་ཟ་སྙམ། གཞན་ཞིག་གིས་མི་རིགས་ལ་ཕན་པའི་བྱ་བ་བསྒྲུབ་ཚེ་དེ་ལ་དཔྱད་ཁུལ་གྱིས་བཅོས་བསྒྱུར་བྱེད་པ་གལ་མི་ཆེ། མི་རིགས་ལ་ སེམས་ཁུར་ཡོད་ན་སོ་སོས་ཅི་ནུས་ཀྱིས་ཕན་པའི་བྱ་བ་གང་རུང་རེ་བསྒྲུབ་ཐུབ་ན་དེས་གལ་ཆེའོ།།མགོན་མེད་པའི་སེམས་ཅན་རྣམས་ལ་གཡོ་མེད་ཀྱི་ལྷག་བསམ་ཀུན་ནས་དཀར་ཞིང་། རྟག་ཏུ་གཞན་དོན་འབའ་ཞིག་ལ་ཉམས་ལེན་གྱི་མཐིལ་གཞོལ་བའི་མཁས་དབང་ཁོང་གི་གསུང་ལ་ཉན་འདོད་མེད་པ་དེའི་ལྡོག་ཕྱོགས་ཀྱི་ལས་ཀ་སྒྲུབ་པ་འདི་འདྲ་ནི་ངོ་ཚ་བའི་གནས་དང་། དྲིན་ཆེན་གྱི་དྲིན་མི་ཤེས་པ། བློ་གྲོས་ཅན་མ་ཡིན་པ་ཞིག་ལ་ངས་ངོས་འཛིན་བྱས་ཡོད།

གུས་མཁའ་ལྡིང་ནས།