བརྗོད་འདས་ཀྱི་ཁྱོད།

ཁྱེད་རང་སྨྲ་བ་མེད་པར་

གཉིད་ནས་ཁ་རོག་གེར་བསྡད་འདུག་དུས་

ང་རང་རྐང་ཐང་ནང་བཞིན་

ག་ལེར་ག་ལེར་ལམ་ལ་ཆས་བཞག་

གལ་ཏེ་ཉི་འོད་དང་

རྨི་ལམ་ལ་གཤོག་པ་ཡོད་ན་

ང་རང་ཚེ་ལས་མ་འདས་གོང་

ཁྱོད་དང་ལྷན་གཅིག་ཕྱིར་འཛོམས་བྱེད་ངེས་ལ་

ཡང་བསྐྱར་ཁྱོད་ཀྱི་རུམ་དུ་འཛུལ་ངེས་

རྨི་ལམ་ལ་སྨྲ་བ་མེད་པས་

ཁྱེད་རང་གཉིད་ལས་སད་མེད་

ཉི་མའི་འཁོར་བསྐྱོད་མགྱོགས་དྲགས་པས་

ང་ཡང་སྔ་མོ་ནས་ལམ་ལ་ཆས་ཟིན་

ད་ནི་ཡོད་ཚད་ལ་བདེ་མོ་འཇོག་གོ།