སྟེང་འཐུང་ལ་སྤྲིངས་པ།

ཚ་མོ་ཞིག་ལ་ཆེད་དུ་བྲིས།

@རང་ག་བས།

ཚ་མོ་ལགས།

ད་ལྟ་ཁྱོད་རང་རང་དང་ལོ་ན་མཉམས་པའི་སློབ་གྲོགས་ཚོའི་རྩེ་དགོད་ཀྱི་ཚེམས་དཀར་ཀྲིག་ཀྲིག་དུ་འཚེར་བའི་སློབ་རྭའི་སྐྱེད་མོས་སུ་འཚོས་ཡོད་ཅིང་། དབྱངས་གསལ་གྱི་འདེགས་འཇོག་ཁྲོད་ན་ལང་ཚོའི་མེ་ཏོག་གི་འདབས་ཁ་གྲོལ་བར་བརྟེན། ཁུ་བོ་ངས་ཁྱོད་ལ་གངས་རི་དང་རྩྭ་ཐང་གི་མཛེས་སྡུག་ཅིག་བཤད་འདོད། ཁོད་མཉམས་ཤིང་མེ་ཏོག་དཀར་དམར་གྱིས་བསླས་པའི་མཐའ་ཡས་པའི་ས་གཞི་འདིའི་མིང་ལ་རྩྭ་ཐང་ཟེར། འབྲོག་པོ་ཚོས་འདིའི་སྟེང་དུ་རྟ་ནོར་ལུག་གསུམ་ལྡེ་བཞིན་གན་རྐྱལ་དུ་ཉལ་དེ་མ་ཎི་འབྲུ་དྲུག་གི་དབྱངས་རྟ་འཕེན་མྱོང་། ཁྱོད་ཀྱིས་ཕ་མ་གཉིས་ཀྱང་དེ་ལྟར་ནར་སོན་ཞིང་འདི་ནས་གཞིས་ཆགས་ཏེ་ཁྱོད་རང་ལྕམ་སྤུན་གསུམ་བཙས་ཤིང་སྐྱེད་སྲིང་བ་རེད།

ཁྱོད་རང་མི་ཚོགས་ཀྱིས་འདུ་འཛི་རྒོད་པའི་གྲོང་ཁྱེར་ཞིག་ཏུ་གནས་སྡོད་བྱས་ཡོད་པས་ཁྱོད་ཀྱིས་མུ་འཐའ་དབེན་པའི་རྩྭ་ཐང་དྲན་ནམ། མེ་ཏོག་ཨེ་དྲན་གི རྟ་ནོར་ལུག་གསུམ་བག་ཡངས་རྒྱུ་བའི་མཛེས་སྡུག་གི་རྣམ་པ་འདིར་བལྟ་འདོད་དམ། འདི་ནས་ལྷོ་ཕྱོགས་སུ་ལྟོས་དང་། ནགས་ཚལ་སྟུག་པོའི་རི་བོ་བཞིའི་ཙམ་བརྒལ་བ་ན་མཚར་སྡུག་གི་འགྱིང་བའི་རི་བོ་འདིའི་མིང་གངས་རི་ཟེར་ཞིང་ཁྱོད་རང་སྐྱེས་སའི་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་རེད།

གངས་རི་འདིའི་ཕ་ཡུལ་གྱི་དར་རྒུད་མཐའ་དག་བྱིན་རླབས་ཀྱིས་འཚོས་ཡོད་པས་ཁྱོད་ཀྱི་ཕ་མེས་ཡང་མེས་ཚོས་ཡང་འདིར་བརྩི་བཀུར་བྱེད་མྱོང་།

ཁྱོད་ཀྱིས་ཀྱང་གངས་རི་འདི་བརྩི་བཀུར་བྱེད་དགོས་ཤིང་གངས་རི་འདིར་དགའ་དགོས་སོ།

ཚ་མོ་ལགས།

སྤང་ལྗོངས་འདི་ན་གནག་ཅིང་སྣུམ་པའི་གཞིས་ཁྱིམ་འདིའི་མིང་ལ་སྦྲ་ནག་ཟེར།

སྦྲ་ནག་འདིའི་ནང་ན་སྦྲང་དཀར་རྩམ་གསུམ་དང་ཞོ་དང་འོ་མའི་རྒྱ་མཚོ་འཁྱིལ་ཡོད། ཉི་ཟེར་ཕྲ་མོ་རེའི་འོད་གུར་ཕུབ་ཅིང་སྒྲོན་མེ་དང་སྒྲོལ་མའི་དབྱངས་རྟ་ཡང་འཁྱིལ་ཡོད། ཚ་མོ་ལགས། ཁྱོད་རང་སྦྲ་འདབས་སུ་བཞད་པའི་མེ་ཏོག་ཅིག་ཡིན་པས་སྦྲ་ནག་ལ་དུངས་དགོས་ཤིང་ནོར་ཁྱུ་ལ་བརྩེ་དགོས། སྦྲ་འདབས་འདིའི་མཐའ་ཁོད་དུ་བག་ཡངས་སུ་རྒྱུ་བའི་ནོར་ཁྱུ་འདི་དག་ཁྱོད་ཀྱིས་ཕ་མེས་ཚོས་རྔམ་ཟིལ་རུ་ཐུར་འཕྲེད་དུ་བརྐྱངས་ཏེ་གཤར་གྱིན་པའི་འབྲོང་ཁྱུ་སྒོ་ཟོག་དུ་བཀུག་པ་རེད། ནམ་ཞིག་ཁྱོད་ཀྱིས་ཀྱང་འདི་དག་འཚོས་ཤིང་འབྲོང་ཁྱུ་འདི་དག་བྱམས་ཀྱིས་སྐྱོང་དགོས་སོ།

མཐོ་སྒང་འདིའི་ཆུ་ཕྲན་ཀྱག་ཀྱོག་དུ་བསླས་ཤིང་། དྭངས་ཤིང་གཙང་བའི་ཆུ་མོའི་གཞུར་སྒྲ། རི་འདབས་སུ་དུམ་བུར་དུམ་བུར་ཆད་པའི་སྤྲིན་པ་དང་དཀར་སེར་དམར་ལྗང་གྲངས་ལས་འདས་པའི་ཆུ་སྐྱེས་འདི་དག་བཅོས་མིན་རང་བྱུང་གི་གྲུབ་པའི་མཛེས་སྡུག་གི་དྭངས་རྩེ་ཡིན་པ་ཁྱོད་ཀྱི་ཤེས་སམ། ཚ་མོ་ལགས། བཅོས་རྩོལ་ལས་བྱུང་བའི་གྲོང་ཁྱེེར་ན་ཆུའི་རྩེད་གར་རོལ་སའི་གླིང་ག་མིག་ལ་སྡུག་པ་རེ་ཡོད་མོད། ད་དུང་རང་བྱུང་སྐྱེ་ཁམས་ལྟར་ལྗོན་ཤིང་དང་མེ་ཏོག་འདབ་ཆགས་སོགས་སྣ་ཚོགས་པ་ཀྱང་ཞིག་ཡོད་མོད། འདི་དག་ནི་ཕྱིའི་མིག་ལ་མཛེས་པ་ཙམ་ལས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལྟར་རྫོགས་མཐའ་བྲལ་བའི་བདེ་སྐྱིད་སྟེར་མི་ཐུབ་པ་ཁྱོད་ཀྱི་རྟོགས་སམ།

ཚ་མོ་ལགས།

འོ་་་ད་དུང་ཁྱོད་ཀྱི་ཟླུམ་གཟུགས་གོ་ལའི་ཡང་རྩེ་རུ་ལྟོས་དང་། འོད་ལམ་ལམ་དུ་འཚེར་བའི་དབྱངས་གསལ་གྱི་མཛེས་སྡུག་མཐོང་ངམ། རྣོ་མ་ཤོར་བའི་མིག་ཟུང་གི་རྒྱང་ལྟ་བྱོས་དང་། སླད་མ་ཞུགས་པའི་སེམས་པས་ཞིབ་ཏུ་དཔྱོད་དང་། ང་ཚོའི་སྐད་དང་ཡི་གེ་གྲངས་ཉུང་ཞིང་མཚོན་མི་ཐུབ་པའི་བྱ་དངོས་གང་ཡང་མེད་པས་ཆེས་ཁྱད་ཆོས་ལྡན་པ་ཞིག་མ་རེད་ཨང་། ཚ་མོ་ལགས ཁྱོད་ཀྱིས་ཉི་ནུབ་ཀྱི་མཛེས་པ་མཐོང་དགོས་ཤིང་། ཞོགས་ཀའི་ཟིལ་བ་འདར་ཁྱོམ་ཁྱོམ་བྱས་པའི་འཇོ་སྒེག་ཡང་མཐོང་དགོས། ད་དུང་ཁྱོད་ཀྱིས བར་ཐག་དང་ ཁེར་རྐྱང་ ཕྱེ་ལེབ་ཀྱི་སྒྲུང་ སྦྲ་ནག ཅེས་སྙན་ངག་ཀྱང་མང་པོ་འབྲི་དགོས་སོ།

བོད་ས་ཁྱི་ལོའི་ ཟླ ༥ བའི་ཚེས ༩ ཉིན་ཡུལ་རྐྱེན་ཕྲན་བུ་རེའི་ཀུན་ནས་བསླངས་ཏེ་ཆུ་དཀར་ནས་བྲིས།